Friday, May 4, 2012

Why Study Buddhism


                       ཁྱིམ་པ་ཕོ་མོས་ནང་ཆོས་སློབ་གཉེར་དགོས་གལ་ཅི་ཕྱིར་ཆེད་
གྲ་བྱམས་པ་ཆོས་འགྲུབ་

སྟོན་པ་སངས་རྒྱས་ཀྱིས། མཐུ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུད་ཞིང། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་སྟོབས་པ་གཞན་ལ་འཕོ་མིན་ཏེ།
ཆོས་ཉིད་བདེན་པར་བསྟན་པས་གྲོལ་བར་འགྱུར། །ཞེས་གསུངས་ཡོད་པ་རེད། དང་པོ་སངས་རྒྱས་རང་ཉིད་ཀྱིས་ཆོས་རྣམས་ཀྱི་གནས་ལུགས་ཇི་ལྟ་བ་
བཞིན་དུ་རྟོགས་ཏེ་ཉམས་སུ་ལེན་པ་ལ་བརྟེན་ནས་སངས་རྒྱས་པ་དང། དེ་ནས་གདུལ་བྱ་རྣམས་སྡུག་བསྔལ་ལས་གྲོལ་བའི་ཕྱིར་དུ་ཆོས་འཁོར་རིམ་པ་གསུམ་
བསྐོར་བ་རེད་མ་མཏོགས། དངོས་པོ་སྤྲོད་ལེན་བྱེད་པ་བཞིན་སངས་རྒྱས་ཀྱི་བདེ་སྐྱིད་སེམས་ཅན་ལ་སྤྲོད་རྒྱུ་ཡོད་པ་དང། ལག་པས་དངོས་པོ་སོ་སོར་དབྱེ་འབྱེད་
བྱེད་པ་བཞིན། སངས་རྒྱས་ཀྱི་ཕྱག་གིས་འགྲོ་བའི་སྡུག་བསྔལ་དང་འགྲོ་བ་རྣམས་སོ་སོར་དབྱེ་འབྱེད་བྱེད་ཐབས་མེད་པ་རེད། གལ་སྲིད་དེ་ལྟར་ཡོད་ན་ཆོས་འཁོར་རིམ་པ་གསུམ་བསྐོར་དགོས་དོན་མེད་ལ། ད་ལྟར་བར་དུ་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ནང་ལྷུང་དགོས་དོན་དེ་བས་ཀྱང་མེད།
རྒྱུ་མཚན་གཞན་ཞིག་ནི། སངས་ཀྱི་ཕྱག་གིས་འགྲོ་བའི་སྡུག་བསྔལ་སེལ་རྒྱུ་ཡོད་ན་དང་པོ་སུས་སྡུག་བསྔལ་སེལ་གྱི་རེད་དམ། སངས་རྒྱས་ཀྱིི་བརྩེ་བ་ཐུགས་རྗེ་
ཆེན་པོས་སེམས་ཅན་ལ་ཉེ་རིང་བྱེད་ཤེས་ཀྱི་རེད་དམ། རྒྱུ་མཚན་དེ་དག་ལ་བརྟེན་ནས།  ཆོས་ཉིད་བདེན་པར་བསྟེན་པས་གྲོལ་བར་འགྱུར། ཞེས་གསུང་བབས་ལ་བལྟས་ན། སངས་རྒྱས་ཀྱིས་ཆོས་རྣམས་ཀྱི་གནས་ལུགས་ཇི་ལྟ་མཁྱེན་པ་བཞིན་གདུལ་བྱ་ལ་བསྟན་ནས་གདུལ་བྱས་ངོ་འཕྲོད་པ་བྱས་ཏེ་བླང་དོར་མ་ནོར་བའི་ཐོག་ནས་རིམ་པའི་འཁོར་བའི་སྡུག་བསྔལ་ལས་གྲོལ་དགོས་ཀྱི་ཡོད་པ་ཐེ་ཚོམ་མེད་དོ། ༸གོང་ས་མཆོག་གིས་དེང་སང་ཕྱི་ཚོགས་ནང། ཆོས་ལ་དད་པ་ཡོད་མཁན་གྱི་ཁྱིམ་པ་ཕོ་མོ་ཚོས་ནང་ཆོས་ལ་སློབ་སྦྱོང་ངེས་པར་དུ་བྱེད་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་ཀྱི་ཡོད་པ་དེ་གནད་འགག་འདི་ཡིན་པ་བསམས་སོ།